གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༢༠༽ ཆོས་བློན་དང་ལོ་པཎ་དག་གིས་ཀྱང༌། བཙན་པོའི་སྐུར་བར་ཆད་མེད་པར་ཚེ་ལ་དབང་ཐོབ་ནས། རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང༌། གནམ་འོག་དབང་དུ་བསྡུ་བར་ཤོག་ཅེས་སྨོན་ལམ་བཏབ།
༢༡༽ སྐབས་དེ་དག་ལ། སྡིག་བློན་ཚོས་ཕོ་བྲང་ཕྱི་ནང་གི་དཔོན་གནས་མང་པོ་ཞིག་ཡར་བསྐོ་མར་སྤོས་བྱས་ཏེ། ཁོ་ཚོའི་དབང་སྒྱུར་སྲ་བརྟན་དང༌། ལས་ཀ་བྱེད་བདེའི་ཆ་རྐྱེན་རྣམས་རིམ་ཅན་དུ་བསྒྲུབས།
༢༢༽ སྦས་སྟག་སྣ་སོགས་ཀྱིས་གཡོ་ཐབས་བཀོལ་ནས། ཐོག་མར་ཁོ་ཚོའི་མཐུན་ཕྱོགས་ཀྱི་བོན་སྦ་རྒྱལ་གྱི་བུ་མོ་མཛེས་མ་སྣ་ནམ་བཟའ་བཙན་པོའི་བཙུན་མོར་བསུས་ཏེ་ཆང་དང་གླུ་གར་ལ་དབུ་འཁོར་ཐབས་བྱས།
༢༣༽ དེ་ནས་སྣ་ནམ་བཟས་རང་གི་ཡབ་ལ་མངོན་ཤེས་རྫུ་འཕྲུལ་སོགས་དཔའ་མཛངས་ཀྱི་ཡོན་ཏན་དུ་མ་ཡོད་ཚུལ་ཞུ་བཅུག་ནས། སྡིག་བློན་ཚོས་སྦ་རྒྱལ་ཐོ་རེ་ནང་བློན་ལ་བསྐོ་བའི་གཡོ་ཐབས་ཀྱང་གྲུབ།
༢༤༽ དེར་ཆོས་བློན་དང་ལོ་པཎ་དག་གིས་ཀྱང་ཐུགས་ཁྲལ་ཆེན་པོས། དམག་སྤྱི་ཞིག་གི་བུ་མོ་སྣ་ནམ་བཟའ་ལས་ཀྱང་མཛེས་པ་ཚེ་སྤོང་བཟའ་ཁྲི་དར་མའི་ཆུང་མར་བསུ་བའི་ཐབས་བྱས་ཏེ་གྲུབ།